བོད་ཀྱི་སྐད་ཡིག་བདུན་ཕྲག་ཉིན་མོ་སྲུང་བརྩི། ཕྱི་ལོ་ ༢༠༡༩ ། ༨ ། ༢༦ ནས་ ༣༠ བར།







བོད་ཀྱི་སྐད་ཡིག་བདུན་ཕྲག་ཉིན་མོ་སྲུང་བརྩི།
ཕྱི་ལོ་ ༢༠༡༩ ། ༨ ། ༢༦ ནས་ ༣༠ བར།
ཉིན་དང་པོ།
བོད་ཡིག་དག་ཆ་འགྲན་བསྡུར། གོ་པུར་སློབ་གྲྭ་ཆེ་བའི་བོད་དགེ་རྣམས་ཀྱིས་འགན་འཁུར་འོག ཕྱི་ལོ་ ༢༠༡༩ ། ༨ ། ༢༦ རེས་གཟའ་ཟླ་བའི་དགོང་མོ་ཆུ་ཚོད་ ༧ ཐོག་སློབ་གྲྭའི་ཤེས་རབ་འོད་སྣང་ཚོགས་ཁང་དུ་དགེ་སློབ་ཚང་འཛོམས་ཐོག་འཛིན་གྲྭ་བདུན་པ་ནས་བཅུ་གཉིས་བར་གྱི་འཛིན་གྲྭ་རེ་ནས་སློབ་མ་གཉིས་རེ་མཉམ་བཞུགས་ཀྱིས་ཁྱོན་བསྡོམས་སློབ་མ་ ༣༢ ཀྱིས་དག་ཆ་འགྲན་བསྡུར་གྱི་ཆ་ཤས་བླངས་ཡོད་ལ། དག་ཆ་ལ་མཚོན་ན། མིང་ཚིག བྱ་ཚིག མངོན་བརྗོད། ཐ་སྙད་གསར་པ་བཅས་ཁག་མི་འདྲ་བ་བཞི་ཡོད། མཐའ་མའི་དག་ཆ་རྩེ་ཕུད་ཀྱི་བྱ་དགའ་ནི་འཛིན་གྲྭ་བརྒྱད་པ་བུམ་པའི་སློབ་མ་བློ་བཟང་དཔལ་མོ་ལགས་ལ་ཐོབ་སོང།
ཉིན་གཉིས་པ། 
སྙན་ངག་གྱེར་འདོན། ཕྱི་ལོ་ ༢༠༡༩ ། ༨ ། ༢༧  རེས་གཟའ་མིག་དམར། འཛིན་གྲྭ་སོ་སོའི་སྐུ་ཚབ་སྙན་ངག་པ་སློབ་མ་ ༦ གིས་འགྱུར་ཁུགས་དང་སྙན་འཇེབས་ལྡན་པའི་སྒོ་ནས་རང་མོས་སྙན་ངག་རེ་གྱེར་འདོན་མཛད།
ཉིན་གསུམ་པ།
གཏམ་བཤད། ཕྱི་ལོ་ ༢༠༡༩ ། ༨ ། ༢༨ རེས་གཟའ་ལྷག་པ། འཛིན་གྲྭ་སོ་སོའི་སྐུ་ཚབ་སློབ་མ་དྲུག་གིས་དུས་ཡུན་སྐར་མ་གསུམ་གྱི་རིང་ཆ་ཚང་ལ། སྤུས་ཚད་ལེགས་ཤིང་། དོན་སྙིང་ལྡན་པའི་སྒོ་ནས་བརྗོད་གཞི་མི་འདྲ་བ་དྲུག་གི་ཐོག་གཏམ་བཤད་གནང།
ཉིན་བཞི་པ། 
གླུ་དབྱངས། ཕྱི་ལོ་ ༢༠༡༩ ། ༨ ། ༢༩ རེས་གཟའ་ཕུར་བུ། འཛིན་གྲྭ་བཅུ་གཅིག་གི་སློབ་མ་གསུམ་གྱིས་སྙན་འཇེབས་ལྡན་པའི་བོད་གཞས་ཁག་གསུམ་གཟིགས་འབུལ་ཞུས།
ཉིན་ལྔ། 
གཏམ་བརྗོད། ཕྱི་ལོ་ ༢༠༡༩ ། ༨ ། ༣༠ རེས་གཟའ་པ་སངས། དགོང་མོ་ཆུ་ཚོད་ ༧ པའི་ཐོག་ཤེས་རབ་འོད་སྣང་ཚོགས་ཁང་དུ་དགེ་སློབ་ཚང་འཛོམས་ཐོག་འཛིན་གྲྭ་བཅུ་པ། བཅུ་གཅིག། བཅུ་གཉིས་བཅས་ཀྱིས་སློབ་མ་ཁག་གཅིག་གིས་བརྗོད་གཞི་མི་འདྲ་བ་གསུམ་གྱི་ཐོག་སྐར་མ་ ༡༥ རེ་ཅན་གྱི་གཏམ་བརྗོད་གསུམ་གཟིགས་འབུལ་ཞུས་ཏེ་བོད་ཀྱི་སྐད་ཡིག་བདུན་ཕྲག་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ།